Thursday, May 5, 2016

འབྲུག་པའི་མི་ཚུ་ལུ་རྡོག་མ་པ་ནེ་གི་ལུགས་སྲོལ་བྱུང་དགོ་པའི་ཁུངས་དང་དགོས་པ།



སྤྱི་བཏང་འབྲུག་རྒྱལ་ཁབ་འདི་ནང་ལུ་རྡོག་མ་པ་ནེ་སྤྱོད་ཚུལ་མ་འདྲཝ་ལེ་ཤ་འདུག འདི་ཡང་བཤད་ཚུལ་གཅིག་ལས་འབད་བ་ཅིན། ཧེ་མ་འབྲུག་མི་ཚུ་གིས་མི་ཤ་ཟ། ཁྲག་འཐུང་། ཀླདཔ་ཟའི་ལུགས་སྲོལ་ཡོད་ཟེར་ཨིན་མས། ཤུལ་ལས་ཨྱོན་གུ་རུ་རིན་པོ་བུམ་ཐང་ལུ་བྱོན་པའི་སྐབས་ལུ་ལུགས་སྲོལ་འདི་ངནམ་ཅིག་ཨིནམ་གཟིགས་ཞིནམ་ལས། འདི་གི་ཚབ་ལུ་རྡོག་མ་པ་ནེ་རྩི་ནེ་གསུམ་བྱིན་གྱིས་བརླབས་གནང་གནངམ་ཨིནམ་སྦེ་བཤད་སྲོལ་འདུག  ཨིན་རུང་གུ་རུ་རིན་པོ་ཆེ་དང་འབྲེལ་བ་མེད་པའི་རྒྱ་གར་བྲམ་ཟེ་གི་ཆོས་འབད་མི་དང་། ཤྲི་ལངྐའི་དགེ་སློང་ཚུ་གིས་ཡང་རྡོག་མ་བཞེས་སྲོལ་ཡོདཔ་ལས་ བཤད་སྲོལ་འདི་ཁུངས་དང་མི་ལྡན་པའི་མི་གནགཔ་རྒས་པའི་ཁ་རྒྱུན་ངནམ་ཅིག་ཨིནམ་ཐེ་ཚོམ་ག་ཅི་ཡང་བསྐྱེད་དགོཔ་མིན་འདུག

དེ་ལས་བཤད་སྲོལ་གཅིག་ལས་འབད་བ་ཅིན། ལྷོ་མོན་གྱི་རྒྱལ་ཁབ་འདི་ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་གིས་ཞབས་ཀྱིས་བཅག་ཡོདཔ་མ་ཚད། རྫོང་གཞི་ཁག་མང་རབ་ཅིག་བཞེངས་ཡོད་པའི་ནང་ལས་ཡང་། ཨྱོན་གུ་རུ་རིན་པོ་ཆེ་གི་ལུང་བསྟན་ནང་ལས། རི་བོ་གླང་ཆེན་འགྱིང་འདྲའི་སྣ་སྟེང་ན། །སྐྱེས་བུ་རྣམ་རྒྱལ་ཞེས་བྱའི་མཚན་ཅན་བྱོན།། ཟེར་བའི་ལུང་བསྟན་དང་འཁྲིལ་ཏེ། སྤྱི་ལོ་༡༦༣༧་ལུ་ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་གིས་ ངོ་མཚར་ཅན་གྱི་སྤུ་ཐང་བདེ་བ་ཆེན་པོའི་ཕོ་བྲང་གསར་བཞེངས་མཛད་ཞིནམ་ལས། དེ་གི་རབ་གནས་རྟེན་འབྲེལ་གྱི་སྐབས་ལུ་ སྐུ་མགྲོན་གཙོ་བོ་ཡང་རྒྱ་གར་ཀུཅ་བི་ཧར་གྱི་རྒྱལ་པོ་གདན་འདྲེན་ཞུཝ་མ་ཚད། རབ་གནས་ཀྱི་མཛད་སྒོ་རྟེན་འབྲེལ་གྱི་སྐབས་ལུ། འདི་ནང་ལུ་བྱོན་ཡོད་པའི་མི་དམངས་ཡོངས་ལུ་རྟེན་འབྲེལ་གྱི་རིམ་པ་ གྲོ་མ་དྲི་བཟང་ལས་འགོ་བཙུག་སྟེ་གསོལ་ཇ་དང་བཞེས་རྩམ་ཚུ་རིམ་པ་བཞིན་དུ་དྲངས་ནུག འདི་ཚུ་བཞེས་ཚར་ཞིནམ་ལས་ཀུཅ་བི་ཧར་གྱི་རྒྱལཔོ་འདི་གིས་ཁོང་རའི་ལུགས་སྲོལ་ལང་ཤོར་ལས་བཞེས་སྒོ་འདི་ཚུ་བཞེས་ཚརཝ་ད་ རྡོག་མ་བཞེས་སྲོལ་ཡོདཔ་ལས་ དང་པ་པ་ནེ་བཞག འདི་གུར་ཙི་ནེ་དབུར། འདི་གུར་རྡོག་མ་བཀལ་སྦེ་ཞབས་དྲུང་ལུ་ཕུལ་བའི་སྐབས་ལུ་ ཞབས་དྲུང་གི་ཟས་འདི་ལེན་བཞིན་ལས་ལེགས་ཤོམ་སྦེ་དབྱེ་བ་དཔྱད་དེ་བལྟཝ་ད་ ཟས་འདི་ འོག་ལུ་བཀོད་དེ་ཡོད་མི་བཟུམ་སྦེ་ གཞན་དང་མ་འདྲ་བའི་ཁྱད་ཆོས་ལེ་ཤ་རང་ཡོདཔ་གཟིགས་ཞིནམ་ལས། བཞུགས་གྲལ་རྟེན་འབྲེལ་གྱི་རྫས་སྦེ་དྲངསམ་ལས་བརྟེན་ཏེ། ཤུལ་ལས་ཕྱོགས་ཀྱི་དཔོན་ཁག་ཚུ་གིས་གཞུང་ལུ་འབུལ་བ་ཕུལ་བའི་སྐབས་ལུ་ རང་གི་གཡུས་སྒོ་ནང་ཐོན་སྐྱེད་ག་ཅི་ཡོད་མི་འདི་ཕུལ་བའི་ཚེ་ ལྷོ་མཚམས་ཁག་གི་དཔོན་ཁག་ཚུ་གིས་ཡང་རྒྱ་མཚམས་ཀྱི་ཐོན་ཁུངས་སྤྱི་དང་། ལྷག་པར་དུ་རྡོག་མ་པ་ནེ་ཚུ་ཡང་ཕུལ་དགོ་དོ་ཡོདཔ་ལས་ རྡོག་མ་པ་ནེ་འདི་ ཧེ་མ་འབད་བ་ཅིན་གཞུང་གི་དཔོན་ཁག་ཚུ་གི་སྤྲོ་ཟས་ཅིག་སྦེ་དར་ཁྱབ་སོང་ཡོདཔ་དང་། དེ་ལས་རིམ་པ་བཞིན་དུ་མི་སེར་ཚུ་གིས་ཡང་བཟའ་སྤྱོད་འབད་བའི་ལུགས་སྲོལ་བྱུང་ནུག་ཟེར་ཨིན་མས།

4 comments:

  1. This comment has been removed by the author.

    ReplyDelete
    Replies
    1. འབྲུག་མི་མང་ཤོ་ཅིག་གིས་ར་ རྡོག་མ་ཟ་ནི་འདི་ དུས་རྒྱུན་གྱི་སྤྲོ་རྫས་ཅིག་སྦེ་ཆ་བཞགཔ་ཨིན་པས། དེ་བཟུམ་སྦེ་ང་རང་ཡང་ ཆུང་ཚད་མའི་བསྒང་ལས་ རྡོག་མ་ཟ་མི་ཅིག་ཨིནམ་ལས་ རྡོག་མ་འདི་ འབྲུག་རྒྱལ་ཁབ་དང་འབྲེལ་བ་ག་དེ་སྦེ་ཡོདཔ་ཨིན་ན་གི་སྐོར་ལས་ ཁ་གསལ་སྦེ་ཡིག་ཐོག་བཀོད་དེ་ཡོད་ནི་འདི་གིས་ རྒྱབ་ཁུངས་ཧིང་སངས་ས་སྦེ་ཧ་གོ་ཡི་ལགས་ གནམ་མེད་ས་མེད་བཀྲིན་ཆེ་ལགས།

      Delete
  2. This comment has been removed by the author.

    ReplyDelete
  3. This comment has been removed by the author.

    ReplyDelete