Saturday, May 7, 2016

སྐུ་འཁོར་དང་ལྷན་རྒྱས། གཉིས་སྐལམ་སོགས་ཀྱི་སྐུ་མདུན་ལུ་ཕྱག་དབང་བཅར་ལུགས།



སྐུ་འཁོར་དང་ལྷན་རྒྱས་ཀྱི་སྐུ་མདུན་ལུ་ཕྱག་དབང་བཅར་ལུགས།
འབུལ་བ་ཕུལ་ ཐངས་རྗེ་མཁན་གྱི་སྐབས་དང་ཆ་འདྲཝ་ལས་ཁྱད་པར་ཡོད་མི་ཚུ་བཤད་ནི་ཨིན།སྐུ་མདུན་ བཅར་ཞིནམ་ལས་འབུལ་བ་འདི་ རང་སོའི་ཕུལ་ཐངས་དང་བསྟུན་ཕྱག་དབང་བཙུག་མི་འདི་གི་ལག་པར་སྤྲོད་ཞིནམ་ལས་ རྐངམ་གཡསཔ་གོམ་ཐེངས་གཅིག་གདོང་ཁར་སྤོ་སྟེ་ལག་པའི་རྩེ་རྐང་པའི་ཚིགས་ཏོ་ཚུན་ བཀབ་ནེ་ཕབ་སྟེ་ཕྱག་དབང་བཅར་ཞིནམ་ལས་རང་ལས་ཞུ་ནི་ཡོད་རུང་ཞུ་ནི་དང་ཞུ་ནི་ མེདན་རྒྱབ་བཤུད་རྐྱབ་སྟེ་གཟུམ་ཅུང་སྒོ་ཁར་འཐོན་འགྱོ་ནི་མ་གཏོགས་རྗེ་མཁན་ལུ་ བཟུམ་སྦེ་ཕྱག་འཚལ་ནི་དང་ཕྱག་དབང་ཞུ་ནི་ཚུ་མེད།བཀབ་ནེ་མེད་པར་ བཅར་བའི་སྐབས་སུ་བཅར་ཆོག་པའི་གནང་བ་ཐོབ་ཞིནམ་ལས་སྐུ་མདུན་འཛུལཝ་ད་རྐངམ་ གཉིས་མཉམ་གཅིག་གཞིབས་ཞིནམ་ལས་རྐངམ་གཡསཔ་ཐེངས་གཅིག་གདོང་ཁར་སྤོ།ལགཔ་གཉིས་ ཀྱི་བར་ན་སྒྱིད་གང་ཙམ་གྱི་ས་སྟོང་བཞག་སྟེ་མཛུབ་མོ་མར་བརྐྱངས་ཞིནམ་ལག་རྩེ་ རྐང་པའི་ཚིགས་ཚུན་གུར་ཏེ་ཕྱག་དབང་བཅར་ནི་མ་གཏོགས་ལགཔ་ཕུ་དུང་ནང་བཙུག་མི་དགོ

Thursday, May 5, 2016

དགོངས་སྐོར་སྔ་ཕྱི་རིམ་པ་གསུམ།



དགོངས་སྐོར་དང་པ་ནི།
རྗེ་ཨིན་པ་ཅིན་བླ་གཟིམ།རྒྱལཔོ་ཨིན་པ་ཅིན་རྒྱལ་གཟིམ།སྐུ་འཁོར་དང་ལྷན་རྒྱས་ཀྱི་རིགས་ཨིན་པ་ཅིན་སྒེར་དྲུང་ཚུ་ལས་བརྒྱུད་དེ་སྐུ་མདུན་ལུ་བཅར་ཆོག་པའི་གནང་བ་ཞུ་མི་འདི་ལུ་གོ་ནི་ཨིན།

མི་དབང་མངའ་བདག་རིན་པོ་ཆེའི་སྐུ་མདུན་ལུ་ཕྱག་དབང་བཅར་ལུགས།



འབུལ་བ་ཕུལ་ལུགས་དང་ཕྱག་དབང་བཅར་ལུགས་ཚུ་ག་ར་རྗེ་མཁན་གྱི་སྐབས་དང་ཆ་འདྲཝ་ལས་ཁྱད་པར་ཡོད་མི་ཚུ་བཤད་ནི་ཨིན།  
དང་པ་ཕྱག་འཚལ་བའི་སྐབས་འབད་བ་ཅིན་ཕྱག་ཐེངས་དང་པའི་སྐབས་སུ་ལགཔ་གཡས་པ་གིས་ལགཔ་གཡོན་པའི་ཨོག་བལྟབ་ཁར་བཀལ་ཏེ་ཡོད་པའི་བཀབ་ནེའི་མཐའམ་འདི་སྦམ་ཏེ་འཐུ་ཞིནམ་ལས་ལགཔ་ཐལ་མོ་མ་སྦྱར་བར་འཚལ་ནི་དང་ཕྱག་ཐེངས་གཉིས་པ་དང་གསུམ་པའི་སྐབས་ལག་གཡོན་པའི་ཨོག་བལྟབ་ལུ་ཐེངས་གཅིག་བཀལ་ཏེ་སླར་གཡས་སུ་འཐེན་པའི་འཕྲལ་ལས་ལགཔ་ཐལ་མོ་སྦྱར་ཏེ་འཚལ་ནི་ཨིན། 

རྗེ་མཁན་དང་བླ་ཆེན་ཚུ་གི་སྐུ་མདུན་ལུ་ཕྱག་དབང་བཅར་ལུགས།



ཕྱག་མཇལ་དང་བཅསཔ་འབད་བཅར་བའི་སྐབས་སུ་སྐུ་མདུན་གྱི་ཐུགས་སྟབས་དང་བསྟུན་ཏེ་བླ་གཟིམ་ཚུ་གིས་དགོངས་སྐོར་ཞུ་ཞིནམ་ལས་བཅར་ཆོག་པའི་གནང་བ་ཐོབ་ད་ཕྱག་མཇལ་ཚུ་ལེགས་ཤོམ་སྦེ་སྡེབ་སྒྲིགས་ཞིནམ་ལས་བཙུགས་མི་འདི་གིས་དོ་རུང་དགོངས་སྐོར་གཉིས་པ་ཞུ་ནི་དང་གོང་མས་ནང་ན་བཙུག་ཟེར་བཀའ་གནང་པ་ཅིན་བཙུག་མི་འདི་གིས་ཁྱིད་དེ་བཅར་མི་འདི་བཀབ་ནེའི་མདུན་བཀལ་ཕབ་སྟེ་གཟིམ་ ཅུང་ནང་ན་འཛུལ་ནི་ཨིན།ནང་ན་ལུ་ལྷོད་ཞིནམ་ལས་གཟིམ་ཅུང་གི་ཆེ་ཆུང་དང་བསྟུན་ཡར་ལོང་སྡོད་པའི་སྐབས་ཕྱག་དབང་བཙུག་མི་འདི་ རང་གི་གཡས་ཁ་ཐུག་ལུ་སྡོད་འོང་། དེ་ལས་འབུལ་བ་ཕུལ་ཐངས་འདི་ཡང་་་་་་་་་་་་་

འབྲུག་པའི་མི་ཚུ་ལུ་རྡོག་མ་པ་ནེ་གི་ལུགས་སྲོལ་བྱུང་དགོ་པའི་ཁུངས་དང་དགོས་པ།



སྤྱི་བཏང་འབྲུག་རྒྱལ་ཁབ་འདི་ནང་ལུ་རྡོག་མ་པ་ནེ་སྤྱོད་ཚུལ་མ་འདྲཝ་ལེ་ཤ་འདུག འདི་ཡང་བཤད་ཚུལ་གཅིག་ལས་འབད་བ་ཅིན། ཧེ་མ་འབྲུག་མི་ཚུ་གིས་མི་ཤ་ཟ། ཁྲག་འཐུང་། ཀླདཔ་ཟའི་ལུགས་སྲོལ་ཡོད་ཟེར་ཨིན་མས། ཤུལ་ལས་ཨྱོན་གུ་རུ་རིན་པོ་བུམ་ཐང་ལུ་བྱོན་པའི་སྐབས་ལུ་ལུགས་སྲོལ་འདི་ངནམ་ཅིག་ཨིནམ་གཟིགས་ཞིནམ་ལས། འདི་གི་ཚབ་ལུ་རྡོག་མ་པ་ནེ་རྩི་ནེ་གསུམ་བྱིན་གྱིས་བརླབས་གནང་གནངམ་ཨིནམ་སྦེ་བཤད་སྲོལ་འདུག  ཨིན་རུང་གུ་རུ་རིན་པོ་ཆེ་དང་འབྲེལ་བ་མེད་པའི་རྒྱ་གར་བྲམ་ཟེ་གི་ཆོས་འབད་མི་དང་། ཤྲི་ལངྐའི་དགེ་སློང་ཚུ་གིས་ཡང་རྡོག་མ་བཞེས་སྲོལ་ཡོདཔ་ལས་ བཤད་སྲོལ་འདི་ཁུངས་དང་མི་ལྡན་པའི་མི་གནགཔ་རྒས་པའི་ཁ་རྒྱུན་ངནམ་ཅིག་ཨིནམ་ཐེ་ཚོམ་ག་ཅི་ཡང་བསྐྱེད་དགོཔ་མིན་འདུག

བཅའ་བ་ འབད་བཞག་བཅའ་བཞག་གི་སྐོར།


དཔལ་ལྡན་འབྲུག་པའི་འབད་ཐངས་བཅའ་ཐངས་འདི་ཚུ་ག་ར་ནང་པ་སངྱས་པའི་ཆོས་དང་འབྲེལ་བ་སྦོམ་སྦེ་ཡོདཔ་ལས་རྒྱལ་ཁབ་ཀྱི་ཁྱད་ཆོས་བཟང་པོ་ཅིག་ཨིནམ་མ་ཚད་ཐར་པའི་ལམ་ཡང་འདི་ལས་བརྟེན་བསྒྲུབ་ཚུགསཔ་ཨིན། འབད་བཞག་བཅའ་བཞག་འདི་རང་གི་རྒྱུད་ལུ་ཡོད་པ་ཅིན་ཕྱི་མི་གི་བལྟ་རུང་བྱ་མཆིས་ཆི་དང་ནང་རང་ཡང་བཟང་ལྷམ་ལྷམ་སྦེ་་རང་གིས་་ཆོས་སྲིད་ཀྱི་བྱ་བ་ག་ཅི་བཟུམ་ཅིག་བརྩམ་ཏེ་འབད་རུང་ཆད་ལྷག་དང་འཐུས་ཤོར་འགན་ཤོར་མ་བཞུགས་པར་བསམ་པའི་དོན་ཚུ་ལེགས་ཤོམ་སྦེ་བསྒྲུབ་ཚུགསཔ་ཨིན།
འབད་བཞག་ ཟེར་མི་འདི་ང་བཅས་ཀྱི་བརྩམ་ཏེ་ཡོད་པའི་ལཱ་ངོ་མ་འབད་ཐངས་ལུ་གོཝ་ཨིནམ་དང་བཅའ་བཞག་ ཟེར་མི་འདི་བརྩམ་པའི་ལཱ་
འདི་ཚུ་མ་འབད་བའི་ཧེ་མ་འདི་གི་མཐུན་རྐྱེན་སྒྲིག་ནི་ཡང་ན་ལཱ་ངོ་མའི་བཅའ་གཞི་སྒྲིག་ནི་འདི་ལུ་གོཝ་ཨིན། ང་བཅས་ར་ལུས་ཀྱི་འབད་ དགོཔ་དང་བཅའ་དགོཔ་པའི་རིགས་དཔེར་ན་ཕྱགསམ་འཕྱག་ཐངས/གོ་ལ་གྱོན་ཐངས/དྲང་བཞག་རྐྱབ་ཐངས་/ཕྱག་དབང་བཅར་ཐངས་འདི་ཚུ་ག་ར་འབད་བཞག་བཅའ་བཞག་ནང་ཚུདཔ་ཨིན།

འགྲོ་བ་འགྲོ་ལུགས་སྡོད་ལུགས་ཀྱི་སྐོར།

              
འགྲོ་ལུགས་ཟེར་མི་འདི་ལམ་འགྱོ་བའི་སྐབས་སུ་ཆང་གི་འགྲང་འགྲངམ་བཟུམ་དང་འཆོལ་ལོ་བཟུམ་མེན་པར་རྐངམ་གོམས་སྤོཝ་ད་གོམས་ཚད་ རིང་མ་དྲག་ཐུང་མ་དྲག་པར་གོམས་ཚད་རན་ཏོག་ཏོ་སྦེ་ཞི་ཞིང་འདུལ་བའི་ཚུལ་གྱིས་སྤོ་དགོཔ་ཨིན།གཞན་ཡང་མི་དམངས་འཛོམས་ས་དང་གོང་མའི་སྐུ་མདུན་ལས་ཕར་འགྱོ་བའི་སྐབས་སུ་ལགཔ་མཐུད་དེ་འགྱོ་ནི་ལགཔ་གཡུག་སྟེ་འགྱོ་ནི།ལགཔ་རྒྱབ་ཁ་བཀལ་ཏེ་ཉམས་བཏོན་ནི།གོ་གི་མཐའམ་ཡར་འཐུ་སྟེ་འགྱོ་ནི་ཚུ་མི་ཆོགཔ་ཨིན།
ལྷག་པར་སྐུ་ཆེ་སའི་ཕྱག་ཞུ་སྟེ་འགྱོ་བའི་སྐབས་སུ་གཡོན་ཁ་ཐུག་ལས་དུམ་གྲ་ཅིག་རྒྱབ་ལས་མཚམས་ཅིག་སྦེ་འགྱོ་་དགོཔ་ཨིན།འདི་མ་ཚད་ཁྱིམ་ གསེར་ཏོག་དང་ལྷ་དར་ཏོག་རྒྱལ་མཚན་ཡོད་ས་དང་།རྫོང་དང་ལྷ་ཁང་ལ་སོགས་པའི་ས་གནས་ཚུ་ནང་ལས་ཕར་ཞྭམོ་བཙུགས་ནི།ཉི་གདུགས་སྤུབས་ནི།ཁོད་སྟོད་ཕྱ་བཏང་སྟེ་འགྱོ་ནི་ཚུ་མི་ཆོགཔ་ཨིན། 
འདི་ཡང་དམ་ཆོས་འདུལ་བའི་ནང་ལས་ -
མཆོངས་དང་གོས་རྒྱངས་རྐང་པའི་རྟིང་པ་དང་།། བྲང་ཁ་ཁོ་ན་བཙུགས་ནས་མི་འགྲོ་ཞིང་།།  
ལག་པ་བཀུར་བརྟེན་གྲུ་རྒྱངས་བཅས་མི་འགྲོ།། ལུས་ཉིད་ཀྱོག་པོར་མི་བསྒྱུར་ལག་མི་གཡོབ།།  
མགོ་བོ་མི་བསྒྱུར་གཞན་དང་ཕྲག་མི་སྤྲད།། ཕན་ཚུན་ལག་པ་སྦྲེལ་ནས་མི་འགྲོའོ།།
རྒྱལ་སྲས་ཞི་བ་ལྷས -  
ཆུ་སྐྱར་བྱི་ལ་ཆོམ་རྐུན་དག། སྒྲ་མེད་འཇབ་ཅིང་འགྲོ་བ་ཡིས།། 
ཇི་ལྟར་འདོད་པའི་དོན་གྲུབ་པ།། བརྟུལ་བཞུགས་ཅན་གྱིས་དེ་བཞིན་འགྲིམ།།
སར་སྡོད་ལུགས་ཡང་་་
ག་ཏེ་རང་ཨིན་རུང་ཕྲང་ཕྲང་གྱལ་གོང་དང་མཐོ་ས་མ་འགྱིམ་པར་མཐོ་འདོད་ན་དམའ་ས་འགྲིམས་ཟེར་སླབ་དོ་བཟུམ་སྦེ་གྱལ་མཇུག་དང་དམའ་ས་འགྱིམ་སྡོད་ནི་དང་ལམ་ཁ་ཟུར་དགོ་རུང་ལམ་འོག་དང་དམའ་ས་འགྱིམ་སྟེ་ཟུར་དགོཔ་ཨིན།
སྡོད་པའི་སྐབས་སུ་ཡང་མིག་ཏོ་ལེགས་ཤོམ་སྦེ་མ་བལྟ་བར་ཅ་ལ་གུར་སྡོད་ནི་གཟུགས་ཀྱི་ལྗིད་ཨ་སྦུ་ཁར་བཀལ་ཏེ་སྡོད་ནི།གསང་གནས་ལེགས་ཤོམ་པས་མ་སྦ་བར་སྡོད་ནི་རྐངམ་དང་ལགཔ་བརྐྱང་ནི་ལགཔ་སྐེད་པར་རྐྱབ་ནི་དང་ལགཔ་ཏོག་རྐྱབ་སྟེ་སྡོད་ནི་ཚུ་མ་ཆོགཔ་ཨིན། མི་འཛོམས་ས་དང་གོ་གནས་ཅན་དང་གཅིག་ཁར་རྐང་ཁྲི་གུར་སྡོདཔ་ད་ཡང་རྐང་ཁྲི་གུར་རྒྱབ་ཧེན་ནི་རྐངམ་བསྣོལ་ཏེ་སྡོད་ནི་རྐངམ་གཡུག་ནི་ཚུ་མ་ཆོགཔ་ཨིན།  
དམ་ཆོས་འདུལ་བའི་ནང་ལས - 
ཁྱིམ་བདག་སོགས་ཀྱི་བསྡད་པར་མ་བགོས་དང་།། སྟན་ལ་སྲོག་ཆགས་ཡོད་མེད་མ་བརྟགས་དང་།།  
ལུས་ཀྱི་ལྗིད་བསྐྱུར་རྐང་པ་བསྣོལ་ཏེ་བརྐྱང་།། བརླ་གཉིས་དང་ནི་ལོང་བུ་བརྩེགས་པ་དང་།། 
ཁྲི་འོག་རྐང་བཀུག་རྐང་གཉིས་གདངས་ཏེ་བགྲད།། འདོམས་པར་བསྟན་པའི་སྐྱོན་དགུ་སྤངས་ལ་འདུག།  
ཞར་བྱུང་བསླབ་བྱ་ལག་པས་འགྲམ་མི་བརྟེན།། རྒྱབ་ཏུ་འདུག་སྟན་འཁུར་ནས་མི་འགྲོའོ།།  
བླ་མ་བསྟེན་ཐངས་ཀྱི་རྣམ་བཤད་ལས
བླ་མ་བཞེངས་ཚེ་སྟན་ལ་འདུག་པ་མིན།། བཞུགས་པའི་དུས་ན་བསྙུན་འདྲི་ཉེར་སྤྱད་འབུལ།། 
འགྲེང་ན་ཞབས་འབྲིང་སྔོན་རྗེས་གཡས་ནས་མིན།། སྟན་དང་བཞོན་པ་སྨད་སོགས་བསོད་ནམས་ཉམས།།
 

བཟའ་བ་ཟས་ཀྱི་སྒྲིག་ལམ།

༡༽ བཟའ་བཏུང་གི་འདུ་ཤེས་གསུམ།
༡-ཟས་ལ་དམིགས་པའི་འདུ་ཤེས།   
མགོན་པོ་ཀླུ་སྒྲུབ་ཀྱིས-    
ཁ་ཟས་སྨན་དང་འདྲ་བར་རིག་པ་ཡིས།།  འདོད་ཆགས་ཞེ་སྡང་མེདཔར་བསྟེན་བགྱི་སྟེ།།
རྒྱགས་ཕྱིར་མ་ལགས་སྙེམས་པའི་ཕྱིར་མ་ལགས།། འཚག་ཕྱིར་མ་ལགས་ལུས་གནས་འབའ་ཞིག་ཕྱིར།།


༢-མང་ཉུང་ཚོད་རིག་གི་འདུ་ཤེས།
རབ་བྱུང་ན་ཕོཝ་གསུམ་དཔྱ་གཅིག་ཟས་ཀྱིས་བཀང་དཔྱ་གཅིག་ཆུ་གིས་བཀང་དཔྱ་གཅིག་སྟོངམ་སྦེ་བཞག་དགོ་པས།འདེ་སྦེ་འབད་མ་ཚུགས་རུང་ ཚད་ཤེས་པ་ནི་ནོར་ནས་མཆོག། ཟེར་གསུངས་དོཝ་འགྲང་མ་ཐལཝ་ཅིག་མ་འགྲམ་མར་མ་ལུསཔ་ཅིག་སྦེ་རང་གི་ཕོཝ་འགྲམཝ་ཅིག་བཟའ་བ་ ཅིན་བཏུབ་ཨིན་པས།
༣-བཟའ་ལུགས་ཚུལ་ལྡན་ཡིད་བྱེད་ཀྱི་འདུ་ཤེས།  
དམ་ཆོས་འདུལ་བ་ལས-
ཟས་རྣམས་ལྷུང་བཟེད་ཁ་ལས་མཐོར་མི་ལེན།། འབྲས་ཆེན་ཚོད་མ་མང་ཉུང་མཉམ་པར་ལེན།།
གྲལ་རིམ་མཐར་ཆགས་སྔ་ཕྱི་མེད་པར་ལེན།། བླང་ཚེ་མི་གཡེང་ལྷུང་བཟེད་མིག་གིས་བལྟ།། 
ཟས་མ་བྱུང་བར་ལྷུང་བཟེད་མི་བཟེད་ཅིང་།། ཚོད་མ་འདོད་ནས་འབྲས་ཆེན་འགེབས་པ་དང་།།
འབྲས་ཆེན་འདོད་ནས་ཚོད་མ་འགེབས་མི་བྱ།། བཟའ་བཅའི་སྟེང་དུ་སྣོད་གཞན་མི་བཟེད་དོ།། 
སྤྱོད་ལམ་མི་ལེགས་པ་ཡིས་བཟའ་མི་བྱ།། ཁམ་ཚད་ཧ་ཅང་ཆེ་དང་ཆུང་བ་མིན།།  
འཇིག་རྟེན་དང་མཐུན་རན་པར་བཟའ་བར་བྱ།། ཁ་སྒོར་མ་སླེབས་བར་དུ་ཁ་མི་གདངས།།          
ཁ་ནང་ཟས་ཀྱིས་གང་ནས་གཏམ་མི་སྨྲ།། མི་ཞིམ་ཙུག་ཙུག་ཞིམ་ལ་ཅག་ཅག་དང་།། 
གྲང་ལ་ཧུ་ཧུ་ཚ་མོར་ཕུ་ཕུ་དང་།། ཟས་ལ་འཕྱ་སྨད་ཁུར་བ་གཡས་གཡོན་སྤོ།།  
རྐན་སྒྲ་གཏོགས་ཅིང་ཁམ་འཕྲོ་སོ་ཡིས་གཅོད།། ལག་པ་སྣོད་དུ་འགོས་པལྕེ་ཡིས་ལྡག། 
ལག་པ་ཟས་ཀྱིས་འགོས་པ་སྤྲུགས་པ་དང་།། ལྷུང་བཟེད་ཟས་དང་བཅས་པ་སྐྱོམ་སྐྱོམ་བྱེད།། 
ཟས་ལ་མཆོད་རྟེན་དབྱིབས་བཅས་ཟས་རྣམས་སྤངས།།

༢༽ གོང་མའི་སྐུ་མདུན་བཟའ་སྤྱོད་འབད་ཐངས། ཧེ་མའི་ལམ་ལུགས་དང་འཁྲིལ་བ་ཅིན་གཉིས་སྐལམ་ཡན་ཆད་ཀྱི་སྐུ་མདུན་ལུ་ལྟོ་རས་ནང་བཟའ་དགོཔ་ཨིན།
༡༽ ལྟོ་རས་ནང་ལྟོ་བཟེད་ལུགས།
ལྟོ་རས་ཕང་པར་བརྐྱངས་ཏེ་མཐའམ་བཞི་ལས་གཉིས་ཀི་ལི་གིས་ཨེབ་ནི་དང་གཉིས་ལགཔ་གཡས་གཡོན་གྱིས་བཟུང་སྟེ་བཟེད་ནི་ཨིན།
དེ་ལས་མཐའམ་གསུམ་གཅིག་ཁར་ཕྱི་ཕྱོགས་སུ་སློག་སྟེ་བལྟབ་ནི་དང་མཐའམ་གཅིག་ལགཔ་གཡོན་པའི་སྲིན་ལག་དང་མཐེའུ་ཆུང་གཉིས་ཀྱི་བར་ན་ལྟེབས་ཏེ་བཤེད་ནི་ཨིན།
ལགཔ་གཡསཔ་ཁ་སྦུབ་ཀྱིས་ལྟོ་ཨ་ཁམ་བཅམ་སྟེ་ལག་པའི་ནང་ཁོངས་ལས་སྲིན་ལག་གིས་ཕུལ་ཏེ་བཟའ་ནི།
༢༽ ཚོདམ་བཟེད་ལུགས།  
གོང་མའི་སྐུ་མདུན་ལྟོ་རས་དང་སྦྲགས་ཏེ་ཕོརཔ་འདི་ཚུ་ཕྱིར་བཏོན་མི་ཆོག
ཚོདམ་དང་པ་འདི་ལགཔ་གཡས་པ་གིས་དུམ་དྲ་ཅིག་སྐྱོར་ཏེ་ལགཔ་གཡོན་པའི་མཛུབ་མོ་དང་མཐེ་བོང་གཉིས་ཀྱིས་ཕོར་པའི་ཁ་ལས་བཟུངནི་དང་།  ཕོརཔའི་རྟིངམ་སྲིན་ལག་དང་མཐེའུ་ཆུང་གིས་བཤེད་དེ་བཟེད་ཞིནམ་ལས་བཀབ་ནེ་ནང་ཕྱེད་སྦ་སྟེ་བཤེད་ནི་ཨིན།
ཚོདམ་གཞན་ཚུ་ལགཔ་གཡས་པ་གིས་བཟེད་ཞིནམ་ལས་པུས་མོ་གཡས་པའི་ཟུར་ཁར་བཞག་ནི་ཨིན།བཟེད་ཐངས་གོང་གི་དང་འདྲ།
སྤགས་ཀྱི་རིགས་སེན་མོ་གིས་བཏོག་བཟའ་ནི་མ་གཏོགས་གྱི་ཅུང་དང་ཤ་ཧྲིལ་བུ་ཕྱིར་བཏོན་ཏེ་འཐེན་ཟ་མི་ཆོག
རུ་ཏོག་གི་རིགས་བཟའ་ཞིནམ་ལས་ལྟོ་རས་མཐའ་མར་བཞག་ནི་མ་གཏོགས་ས་ཁར་བཞག་མི་ཆོག
ཧེང་བཀལ་དྲང་པ་འོང་བའི་སྐབས་སུ་མ་དགོ་པའི་བརྡ་ལུ་ལགཔ་གཡས་པའི་མཛུབ་མོ་ཚུ་ཡར་ཧོང་སྟེ་སྟོན་དགོ
ཚོདམ་སོར་ཏེ་བཟའ་བའི་སྐབས་སུ་གསོལ་སྒྱེས་ཀྱི་རིགས་ཧེ་མ་བཟུམ་སྦེ་ལགཔ་གཡོན་པར་བཀལ་ཏེ་བཟའ་ནི་དང་མངར་ཚོད་ཀྱི་རིགས་ལགཔ་ གཡས་པ་གིས་འཐུ་ཞིནམ་ལས་འཐུང་ནི་ཨིན།
ཕོརཔ་ནང་ལྟོ་འདི་ཚུ་བརྫོབས་བཟའ་ཞིནམ་ལས་ལོག་ཧེང་བཀལ་བཟེད་མི་ཆོག
གོང་མའི་བཀའ་དང་བསྟུན་ལྟོ་བཟའ་འཕྲོ་ལས་ལོང་འགྱོ་དགོཔ་འཐོན་སྲིདཔ་ལས་དང་པ་རང་ཚོད་མའི་ཁུ་བ་ཚུ་མི་འབོ་ནིའི་དོན་ལས་དང་པ་རང་ འཐུང་དགོ འདི་མ་ཚད་ཡར་གོང་ལུ་བཞུགས་མི་བཞེས་ཚར་བ་དང་བསྟུན་རང་ཡང་མཇུག་བསྡུ་དགོ། 
༣༽ ནམ་རྒྱུན་བཟའ་སྤྱོད་འབད་ཐངས།
བང་ཅུང་དང་ཐ་ལི་ནང་བཟའ་ནི་ཨིན་རུང་རང་གི་ཕམ་དང་རྒན་ཤོས་ཚུ་གིས་མ་གཏོགས་སར་བཞག་སྟེ་བཟའ་མི་ཆོག
རང་གི་ལྟོའི་བང་ཅུང་ཡང་ན་ཐ་ལི་འདི་ཕང་པར་བཀལ་ཚོདམ་འདི་ལགཔ་གཡས་པ་གིས་དུམ་དྲ་ཅིག་སྐྱོར་ཏེ་ལགཔ་གཡོནམ་གིས་བཟེད་ཞིནམ་ལས་ལགཔ་གཡསཔ་གིས་འཐུ་བཟའ་ནི་དང་།
རུ་ཏོ་རེ་ཡོད་རུང་རྩ་བར་ལེགས་ཤོམ་སྦེ་སྤུངས་ཏེ་བཟའ་ཚརཝ་ད་སྒྱོམ་འབག་ནི།
རང་ལས་མཐོ་བའི་མི་དང་གྱལ་མགུ་བཞུགས་མི་བཞེས་ནི་འགོ་མ་བཙུག་པའི་ཧེ་མ་ཡང་ན་ལྟོ་མཆོད་གཏང་མི་ཡོདན་ལྟོ་མཆོད་མ་བཏང་བའི་ཧེ་མ་ བཟའ་མི་ཆོག
༤༽ བཞེས་བང་བཞེས་ཆའི་སྐོར།
བཞེས་བང་།
    ཟླ་པ། ཟླ་པ་མཐོ་བཀལ་ཅན། བང་ཅུང་གཉིས་སྐལ་མ། བང་ཅུང་ཕྱེད་ཀྲམ་མ། བང་ཅུང་མ་ཀྲམ་མ། ལྟོ་རས་དམརཔོ་དང་དཀར་པོ།
བཞེས་ཆ།
    བླ་ཕོར་སྐེད་དམར་ཅན། བླ་ཕོར་སེ་ནག་ཅན། དངུལ་ཤན་ཅན། ཕོ་ཕོར། སྒོག་ཕོར། སྤགས་ཕོར།  མོ་ཕོར་ཤན་ཡོད་དང་ཤན་མེད་གཉིས།
བཞེས་བང་བཞེས་ཆའི་ཐོབ་རིམ།
  བླ་ཕོར་སྐེད་དམར་ཅན་དང་བསེ་ནག་ཅནམ་འདི་་སྟོད་རྩེ་འཇིམ་བཞེས་མི་ཡན་ཆད་ཀྱི་བླམ་སློབ་དཔོན་སོགས་ཀྱིས་ཟུར་བཞུགས་སྐབས་སུ་འཆང་སྤྱོད་གནང་སྲོལ་ཡོད།མོ་ཕོར་ཤན་ཅན་དང་ཤན་མེད་ཀྱི་རིགས་བླམ་དགེ་འདུན་པ་དང་ཨམ་སྲུ་ཚུ་གིས་འཆང་སྲོལ་ཡོདཔ་ཨིན།སྒོག་ཕོར་དང་སྤགས་ཕོར་ འདི་སྤྱིར་བཏང་མི་གེ་ར་གིས་འཆང་སྲོལ་ཡོད་རུང་ཟུར་གནས་ཁར་མ་གཏོགས་མི་དམངས་ཚོགས་ས་འཆང་མི་ཆོག།དངུལ་ཤན་ཅན་དང་ཤན་མེད་ཀྱི་རིགས་ཚོགས་དམངས་སྒརཔ་དང་སྤྱིར་བཏང་ཕོ་སྐྱེས་ཀྱིས་འཆང་སྲོལ་ཡོདཔ་ཨིན།ཕོ་ཕོར་གྱི་རིགས་ཕོ་སྐྱེས་ཚུ་གིས་འཆང་སྲོལ་ཡོདཔ་ཨིན། ཟླ་པ་དང་ཟླཔ་མཐོ་བཀལ་ཅནམ་འདི་གོ་གནས་ཅན་གྱིས་འཆང་སྲོལ་ཡོདཔ་ཨིན།བང་ཅུང་གཉིས་སྐལམ་འདི་གོ་གནས་ཅན་མས་འཆང་སྲོལ་ཡོད། བང་ཅུང་ཕེ་ཀྲམ་འདི་མི་དཀྱུས་མས་འཆང་སྲོལ་ཡོད།བང་ཅུང་མ་ཀྲམ་འདི་ནང་ཚང་གཅིག་གི་ལྟོ་འདེགས་དགོཔ་ཚུ་འཐོནམ་ད་མ་གཏོགས་སྤྱིར་བཏང་ལྟོ་སྣོད་སྦེ་འཆང་སྲོལ་མེད།བཞེས་རས་དཀརཔོ་འདི་མི་དཀྱུས་མ་དང་བཞེས་རས་དམརཔོ་འདི་གོ་གནས་ཅནམ་ཚུ་གིས་འཆང་སྲོལ་ཡོདཔ་ཨིན།
༥༽ གསོལ་ཅོག་ཐོབ་ཐངས།
  བཞེས་ཆའི་དོན་ལས་མཐོ་བཀལ་འདི་མི་དབང་མངའ་བདག་རིན་པོ་ཆེ་དང་ཆོས་བདག་རྗེ་མཁན་གཉིས་ལུ་མ་གཏོགས་མ་ཐོབ།མི་དབང་མངའ་བདག་རིན་པོ་ཆེ་དང་ཆོས་བདག་རྗེ་མཁན་གཉིས་ལུ་གསོལ་ཅོག་ཡང་ཅོག་སྒྲོམ་ཕུལ་དགོཔ་ཨིན།གཞན་གོ་གནས་ཆེཤོས་ཚུ་ལུ་ཚོགས་དང་ཟུར་གནས་ག་ཏེ་ཨིན་རུང་ཅན་སྟེགས་ངེས་པར་ཕུལ་དགོཔ་ཨིན་རུང་ད་རེས་ནངས་པ་དུས་དང་བསྟུན་གོང་མའི་སྐུ་མདུན་ལུ་ཤིང་ཀྲོ་ནང་ བཅད་དེ་ཕུལ་སྲོལ་ཡོདཔ་ཨིན། 
༦༽ གོང་མའི་སྐུ་མདུན་གསོལ་ཇའི་སྐབས།
ཇབཟེད་ཐངས།
ལགཔ་གཡས་པ་གིས་ལྟོ་རས་ཕྱི་ཁར་མ་བཏོན་པར་ཕོརཔ་འདི་བཏོན་ཞིནམ་ལས་ཇ་ཕོར་ལགཔ་གཡས་པའི་མཛུབ་མོ་དང་མཐེ་བོང་གཉིས་ཀྱིས་ཕོར་པའི་ཁ་ལས་བཟུང་ནི་དང་།ཕོར་པའི་རྟིངམ་སྲིན་ལག་དང་མཐེའུ་ཆུང་གིས་བཤེད་དེ་བཟེད་དགོབཟེད་བའི་སྐབས་ལག་པའི་ཀི་ལི་བརླད་དོ་གུ་བཀལ་ ཞིནམ་ལས་པུས་མོ་ལྟག་ལུ་ལག་པའི་མཁྲིག་མ་ལྷོདཔ་སྦེ་བཟེད་དགོ ཇ་གང་མཚམས་ཀྱི་བརྡ་ལུ་ལགཔ་གཡོནམ་བཀབ་ནེ་ནང་ན་ལས་མཛུབ་མོ་ གཅིག་ཁར་གཞིབ་ ཟུར་ལྷོང་སྟེ་སོར་རྩེ་གན་རྐྱལ་སྦེ་ལགཔ་གཡས་པའི་མཁྲིག་མ་ཚུན་མཐོང་ཙམ་ཕྱི་ཁར་བཏོན་ཏེ་གང་བརྡ་སྟོན་དགོ
ལྷན་རྒྱས་བཟུམ་གྱི་སྐུ་མདུན་ཨིན་པ་ཅིན་ལགཔ་གཡས་པའི་མཛུབ་རྩེ་ཡར་ལྷོང་སྟེ་གང་བརྡ་སྟོན་སྲོལ་ཡོད། བཟེད་ཚར་ཞིནམ་ལས་ལགཔ་གཡོནམ་ གིས་ཕོ་པའི་ཁ་དུམ་དྲ་ཅིག་སྐྱོར་ཚུལ་དང་བཅསཔ་སྦེ་ཧེམ་ཅུང་གི་ཐད་ཁར་བཞག་ནི།དེ་བསྒང་མངའ་བདག་རིན་པོ་ཆེ་གིས་ཕོརཔ་སར་བཞག་ཟེར་ བཀའ་གནང་ན་གུས་ཚུལ་དང་བཅས་སར་བཞག་ནི། ཇ་མཆོད་གྲོལ་ཏེ་མངའ་བདག་རིན་པོ་ཆེ་བཞེས་ནི་འགོ་བཙུགཔ་ད་ རང་ཡང་ལགཔ་གཡས་ པའི་ཨམ་ཐེ་བོང་དང་མཛུབ་མོ་ཕོར་པའི་ཁ་ལས་བཟུང་སྟེ་ཕོར་པའི་རྟིངམ་དུམ་དྲ་ཅིག་གཡས་ཐད་ལུ་བསྒྱུར་བའི་ཐོག་ལས་འཐུང་ནི་ཨིན།
ཇ་རྩམ་བཟེད་ཐངས། ༼གོང་མའི་སྐུ་མདུན་ཇ་རྩམ་ཕོརཔ་གཞན་བཏོན་ཏེ་བཟེད་མི་ཆོག༽
ཇ་རྩམ་ལྟོ་བཟེད་བའི་སྐབས་ལགཔ་གཡོན་པ་གིས་དུམ་དྲ་ཅིག་སྐྱོར་ཏེ་ལགཔ་གཡས་པའི་མཛུབ་མོ་དང་མཐེ་བོང་གཉིས་ཀྱིས་ཕོར་པའི་ཁ་ལས་བཟུང་ནི་དང་།ཕོརཔའི་རྟིངམ་སྲིན་ལག་དང་མཐེའུ་ཆུང་གིས་བཤེད་དེ་བཟེད་ནི་ཨིན།གལ་སྲིད་ཚོགས་གྲལ་བཟུམ་ཅིག་ནང་ཨིན་པ་ཅིན་ལྟོ་རས་ནང་བཟེད་དེ་ལགཔ་གཡས་པ་གིས་ཨ་ཁམ་བཅམ་ཏེ་བཟའ་ཆོག
ཇ་རྩམ་སྐམ་འཛར་ཨིན་པ་ཅིན་ལགཔ་གཡོནམ་གིས་མ་སྐྱོར་བར་གཡསཔ་གིས་ཇ་བཟེད་དོཝ་བཟུམ་སྦེ་བཟེད་ནི་ཨིན།གོངམ་བཞེས་ཚར་བ་བསྟུན་རང་ཡང་ཕོརཔ་ནང་ལུས་མི་ཇ་རྩམ་མཛུབ་རྩེ་གཅིག་ཁར་བསྒོང་ སྟེ་ཡ་མཆུས་ལེན་ཏེ་ཟ་ཞིནམ་ལས་ལྕེ་གིས་མ་ལྡག་པར་ཧེམ་ཅུང་ནང་བཙུག་ནི་ཨིན།